Tuesday, September 23, 2008

ཁྱོད་རང་ད་དུང་གཉིད་དགོས། ཅིས་ཀྱང་གཉིད་དགོས།

མི་ཁ་ཤས་ཤིག་གིས་ཧ་ཅང་སྙིང་ཉེ་ཉེ་དང་ཤ་ཚ་མདོག་གིས་ནམ་རྒྱུན་ཁྱོད་རང་གཉིད་ལས་ལངས་དགོས་པའི་དྲན་སྐུལ་ཡང་ཡང་བྱེད་སྲིད་མོད། འོན་ཀྱང༌། ཁྱོད་ཀྱིས་དེའི་རིགས་ལ་ཁ་ཡ་གཏན་ནས་བྱེད་མི་དགོས། མ་གཞི་མི་དེ་ཚོས། ཁྱོད་རང་འཇིག་རྟེན་འདིར་གཉིད་ཀྱི་ཆེད་དུ་ཡོང་བ་ཡིན་པ་ཚོར་མེད་ལ། ད་ལྟ་གཉིད་ཀྱི་ཆེད་དུ་འཚོ་བཞིན་པའང་ཤེས་མེད། དེ་བས་ཁྱོད་རང་ད་དུང་གཉིད་དགོས། ཁྱོད་རང་དེ་ལྟར་གཉིད་པ་ནི་ཁྱོད་ཀྱི་བསོད་ནམས་རེད་ལ། ཁྱོད་རང་ནམ་ཡང་གཉིད་ལ་རོལ་བ་ནི་ཁྱོད་ཀྱི་ཐོབ་ཐང་རེད། ཡང་སྙིང༌། ཐོབ་ཐང་དེ་ལོངས་སུ་སྤྱོད་རྒྱུ་ཡང་ཁྱོད་ཀྱི་ཐོབ་ཐང་རེད།༢ མཚམས་རེར་སྒོ་དང་སྒེའུ་ཁུང་ཕྱི་རོལ་དག་ནས་མིའི་སྐད་སྒྲ་རེ་གྲགས་འོང་ལ། སྐད་སྒྲ་དེའང་བྲག་ཅ་བཞིན་ཁྱོད་ཀྱི་རྣ་བར་འཁོར་ངེས། ཡིན་ནའང༌། ཁྱོད་རང་རྨི་ལམ་གྱི་མངའ་ཐང་སྲུང་ཕྱིར་སྔར་བཞིན་གཉིད་དགོས་ལ། ད་དུང་ཅིས་ཀྱང་གཉིད་དགོས། གཉིད་ངོགས་ཀྱི་འཚོ་བ་ལ་བདེ་སྐྱིད་ཀྱི་དྲོད་ཁོལ་འཛོམས་ཤིང༌། རྨི་ལམ་གྱི་རྩེད་རྭ་ལ་དྭངས་གཙང་གི་འགྱུར་ཁུགས་འཁྱིལ་བ་དངོས་ཡོད་ཡིན། ཁྱོད་གཉིད་ཁུག་པ་ནི་ཁོར་ཡུག་ཞིག་གི་ལྷིང་འཇགས་རེད། ཁྱོད་གཉིད་སད་པ་ནི་ཁྱོད་ཉིད་འབོར་བའི་སྔ་ལྟས་རེད། དེ་བས་ལྷིང་འཇགས་ཀྱི་ཕྱིར་དུ། རང་ཉིད་ཀྱི་ཆེད་དུ་ཁྱོད་རང་ད་དུང་གཉིད་དགོས། ཅིས་ཀྱང་གཉིད་དགོས།༣ སྤྱིར་འཇིག་རྟེན་འདིར་བྱ་ལས་ཅི་ཞིག་རྩོམ་ནའང་དེར་བར་ཆད་དང་འགོག་རྐྱེན་རེ་འཕྲད་ངེས་པ་ནི་ཆོས་ཉིད་ཀྱི་འཁྲབ་ཚན་ཞིག་ཡིན་པས་གཉིད་ལ་མི་དགའ་བའི་སེམས་ཅན་སྐོར་ཞིག་ཁྱོད་ཀྱི་ཁ་གཏད་དུ་ལངས་ཏེ་འདུག་པ་ནི་ཁྱོད་ཀྱི་གཉིད་ལ་འཕྲད་པའི་བར་ཆད་རེད། ཡིན་ནའང༌། བར་ཆད་འཚུབ་པའི་ལམ་བུ་ནས་ཁྱོད་ཀྱིས་རང་ཚུགས་དང་མི་གཞི་ཡོད་པའི་སྒོས་གཉིད་ཀྱི་སྐལ་བར་ལོངས་སྤྱོད་ཐུབ་དགོས། དེ་མིན་ཚེ་ཕྱི་མའི་ཡུལ་ན་གཉིད་ས་མེད་ལ་ཉལ་སའང་མེད་པ་ཤེས་པར་གྱིས།༤ ལོ་དང་ཟླ་བའི་བར་ན། རྟག་ཏུ་ཅི་ཞིག་འཚོལ་བར་འདུར་རྒྱུག་གིས་བྲེལ་བའི་མི་བུ་སྐོར་ཞིག ཁྱོད་ཀྱི་གཉིད་སྟངས་དེར་ཡིད་མོས་གཏན་ནས་མེད་ནའང༌། སྐབས་རེར་ཁོ་ཚོའི་ཁྲོད་ཀྱི་ལ་ལ་ཞིག་ཨ་ཆད་ཡིད་མུག་གི་ཚོར་བས་ཕམ་འགྲོ་གི་ཡོད། དུས་དེར། ཁོ་ཚོ་ཡང་ཁྱོད་ལྟར་གཉིད་ལ་རོལ་རྒྱུ་ལས་ལམ་ཁ་གཉིས་པ་ཞིག་རྙེད་མི་སྲིད་པས་ཁྱོད་རང་དང་བོ་ནས་འདི་ལྟར་གཉིད་ལ་རོལ་བ་ནི་ཁྱོད་ཀྱི་རྒྱལ་ཁ་རེད། ཁྱོད་ཀྱི་རྣམ་དཔྱོད་རེད། དེ་བས་ཁྱོད་རང་སྔར་བཞིན་གཉིད་དགོས། ཅིས་ཀྱང་གཉིད་དགོས།༥ ཁྱོད་རང་ཞེ་བསམ་པས་གཉིད་དགོས་ཀྱང༌། གཏན་དུ་གཉིད་མི་རུང༌། སད་རན་པའི་དུས་ཚིགས་དེ་སླེབས་དུས་ཡར་ལ་ལོངས། དུས་ཚིགས་དེ་ནི་ཉི་འོད་དང་ཟླ་ཟེར་ལྷན་དུ་འཆར་བའི་དུས་ཚིགས་དེ་ཡིན་འོས་ལ། དུས་ཚིགས་དེ་ནི་ང་ཚོས་ཉི་མ་དང་ཟླ་བའི་ཕོ་བྲང་ནས་ཆེས་ཐོག་མའི་ལྷན་འཛོམས་ཀྱི་གསོལ་སྟོན་ལ་རོལ་ཆོག་པའི་དུས་ཚིགས་དེའང་ཡིན་ཆོག ༢༠༠༨།༩།༧དགོང་མོར་བྲིས། ཤིས་ཚང་བའི་པོད་ཁུག་ལས་བཤུས།

No comments: