Tuesday, September 23, 2008

ང་དུར་ཁྲོད་དང་ཁོའི་ཉེ་འཁོར་གྱི་རོགས་པ་ཚོ།


སྡེ་བའི་འདིའི་ཆང་ཁང་ནང་དུ་ང་རོ་ལངས་ཆང་གིས་བཟི་འདུག ཁོ་ར་བཟི་སྐབས་སྡེ་འདབས་ཀྱི་དུར་ཁྲོད་ནང་དུ་སྙན་ངག་ཁ་ཤས་བྲིས་འདུག་ཟེར། ཡིན་ནའང༌། འདི་ནི་སྡུག་ཡུས་ཀྱི་འབོད་པ་ཞིག་རེད་ཅེས་ཁོའི་གྲོགས་པོ་ང་དུར་ཁྲོད་ཀྱིས་གླེང་བཞིན་འདུག ཡོད་ཚད་ཀྱི་འགྱུར་བ་འདི་ནི་རང་དབང་གི་ལྷ་མོ་འབོད་པའི་གསང་གཞན་ཁ་ཤས་རེད། མདོར་བསྡུས་ན་ཁོ་བཙོན་ཁང་ནང་དུ་ལྷུང་འདྲའི་ན་ཟུག་ཅིག་ཁྲག་གི་རྒྱུ་ལམ་དུབཞུར་་བཞིན་ཡོད་པ་འདྲ། ཁོའི་གྲོགས་པོ་ཚོས་ཁོ་ལ་ཆང་མ་འཐུང་ཟེར་མོད་དེ་ནི་རྣ་རྒྱབ་ཀྱི་རླུང་དང་གཅིག་མཚུངས་ཡིན་ཞེས་ཁོས་ང་དུར་ཁྲོད་ལ་གླེང་འདུག སྡེ་བ་འདིའི་རྒན་དར་གཞོན་གསུམ་གྱིས་ཁོ་དང་ང་དུར་ཁྲོད་གཉིས་མི་གྲལ་ནས་ཕུད་སོང་ན་ཡང་ཁོ་གཉིས་ཚོར་བ་མེད་པའི་སྡོང་དུམ་ཞིག་དང་མཚུངས། ད་ནངས་སྔ་དྲོ་འོད་ཀྱི་འགྱུར་བ་དང་ལྷན་ང་རོ་ལངས་ཀྱིས་ང་དུར་ཁྲོད་ལ་གློག་འཕྲིན་ཞིག་བསྐུར་འདུག་པའི་ནང་ཁོ་བོ་ལ་རང་དབང་མེད་ཚུལ་དང༌། ཁྱེད་རང་ཡང་ལམ་ལོག་ཏུ་བསྐྱོད་བཞིན་པ་འཚམས་འཇོག་བྱས་ཏེ་གནམ་འོག་གི་བཀྲ་མཚོ་ཐེངས་གཅིག་ལྟ་རུ་འགྲོ་རོགས་ཞེས་བཀོད་འདུག ཉིན་གུང་ཆུ་ཚོད་༡༢སྐར་མ་༡བོའི་ཐོག་རླུང་ཡོར་དང་ཆབ་རྒྱུན་སོགས་ཀྱིས་ང་རོ་ལངས་འཚོལ་བཞིན་ཡོད། འདི་ནི་ང་རོ་ལངས་རང་དབང་གི་ཆེད་དུ་ཆང་ཁང་ནང་དུ་སོང་བའི་ཉིན་གསུམ་པ་ཡིན་ལ། ང་དུར་ཁྲོད་དང་གྲོགས་པོ་བསྒྲིགས་པའི་ལོ་ལྔ་བ་དེ་ཡང་རེད། བསྟུན་མར་དོན་རྐྱེན་ཐེངས་ཁ་ཤས་བྱུང་རྗེས་སྡེ་བ་འདིའི་ཉེ་འཁོར་ཀུན་ཏུ་རླུང་ལྟར་གྲགས་བཞིན་པ་ནི་ང་རོ་ལངས་དང་ང་དུར་ཁྲོད་གཉིས་ཀྱིས་མི་གསུམ་བསད་སོང་ཟེར། ཐོག་མར་གཏམ་འདིའི་འབྱུང་ཁུངས་ནི་ཡེ་ཤེས་བཟང་བོ་རེད། འདི་བདེན་པ་ཡིན་མིན་མ་ཤེས་ཀྱང་གང་ལྟར་ང་རོ་ལངས་དང་ང་དུར་ཁྲོད་གཉིས་སྡེ་བ་འདིའི་ནང་དུ་ཡོང་ས་ཡོད་པ་མ་རེད། གཏམ་རྒྱུད་དེ་འདི་ནས་འགོ་བརྩམས་ཤིང་བཞུར་བཞིན་ཡོད་པ་རེད། ད་དུང་ཡང་་་་་་་་་་

ང་དུར་ཁྲོད་ཀྱི་པོད་ཁུག་ལས་བཤུས།

No comments: